[241B] ཨཱརྱ་ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་ཧྲི་ད་ཡ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གངྒཱ་ཏས་བསྐོར་བའི་རྫིང་བུའི་འགྲམ་ ན་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ [242A]༄༅། །ལ་བཀའ་སྩལ་ནས་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ནས་ ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད་།སུ་ཞིག་དེ་ཡི་མཚན་བརྗོད་ན། །དེ་ནི་དེ་རུ་ སྐྱེ་བར་འགྱུར། །འཆི་བའི་དུས་སུ་སྟོན་པ་ནི། །དགེ་སློང་དགེ་འདུན་བཅས་ཏེ་མཐོང། །དེ་ན་བུད་མེད་ཡོད་པ་མིན། །མངལ་ན་གནས་པ་ཡོད་མ་ཡིན། །རིན་ཆེན་རྣམས་ཀྱི་པདྨོ་ལས།། རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར། །ཟས་དང་གོས་དང་སྨན་རྣམས་དང། །ཆོས་གོས་མལ་ཆ་ལྷུང་བཟེད་རྣམས། །སེམས་ཀྱིས་བསམ་མ་ཐག་ཏུ་ནི། །དེ་དག་མོད་ལ་འབྱུང་བར་ འགྱུར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །འཕགས་ པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་འགྱུར་།དགེ་སློང་དག་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཕོ་བྲང་འཁོར་དང་བཅས་པ་ཞེས་བྱ་བ། རྒྱར་དཔག་ཚད་ཁྲི་བཞི་ཡོད་པ་ཞིག་ [242B] རྒྱལ་རིགས་སུ་སྐྱེས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཡབ་ནི། འཁོར་ ལོས་བསྒྱུར་བའི་རྒྱལ་པོ་བཟང་པོའི་མཆོག་ཅེས་བྱ་བར་གྱུར་ཏོ་།དེའི་ཡུམ་ནི། གཟི་བརྗིད་ཅན་ཞེས་བྱ་བར་གྱུར་ཏོ། །དེའི་བཙུན་མོ་ནི། རྒྱལ་རིགས་བཟང་སྐྱོང་ མ་ཞེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྲས་ནི། ཟླ་བའི་འོད་ཅེས་བྱ་བར་གྱུར་ཏོ། །རིམ་གྲོ་པ་ནི། སྙན་པ་དྲི་མ་མེད་ ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་ནི། བཟང་པོའི་ཏོག་ཅེས་བྱ་བར་གྱུར་ཏོ། །རྫུ་ འཕྲུལ་དང་ལྡན་པའི་མཆོག་དང། བརྩོན་འགྲུས་ཆེན་པོ་དང་ལྡན་པའི་མཆོག་ནི། བཀོད་པ་ཆེན་པོ་ཞེས་བྱའོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་ དཔག་མེད་ཀྱི་བདུད་ནི། མཆོད་པའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ་།ལྷས་སྦྱིན་གྱི་མིང་ནི། དང་བ་ཞེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་ དཔག་མེད་ཀྱི་ཉན་ཐོས་འདུས་པ་ཆེན་པོ་ནི། ཉན་ཐོས་ཆེན་པོ་དྲུག་ཁྲི་ཡོད་དོ། །དགེ་སློང་དག་སེམས་ཅན་ཐམས་ཅད་ཀྱིས་ལེགས་པར་བསམས་ཏེ་དེ་བཞིན་གཤེགས་ [243A]༄༅། །པ་ཚེ་དཔག་མེད་ཀྱི་མཚན་ལེགས་པར་བཟུང་ལ་ཞག་བཅུར་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་མ་ཡེངས་པར་བསྒོམ་ཞིང་འཇིག་རྟེན་ གྱི་ཁམས་བདེ་བ་ཅན་ན་བཞུགས་པའི་དེ་བཞིན་གཤེགས་པ་ཚེ་དཔག་མེད་རྒྱུན་དུ་ཡིད་ལ་བྱའོ། །དཔལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་ ཡང་རྟག་ཏུ་བཟླས་བརྗོད་བྱའོ། །ཉིན་ལན་གསུམ་མཚན་ལན་གསུམ་ཡང་ལག་ཕྱག་བྱས་ལ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཚེ་དཔག་ མེད་བསམས་ན། ཞག་བཅུ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མཐོང་བར་འགྱུར་རོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ ལྡན་འདས་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཡོངས་སུ་བསྔོས་ན། དེ་འཆི་བའི་དུས་ ཀྱི་ཚེ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མདུན་ན་བཞུགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། ། དགེ་སློང་དག་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། ཤཱ་བ་ལེ། ཨ་བ་ལེ། ས་མ་ཛ་ལེ་ནི་རྡེ་ཤེ། ནི་རྫཱ་ཏེ། ནི་ [243B] ནིརྨུ་ཁེ། ཛྭ་ལ་པ་ར་ཙྪེ་ད་ནི། སུ་ཁ་བ་ཏི་ནི་རྡེ་ཤེ་ཨ་མྲྀ་ཏེ། ཨཱ་ཡུརྒ་རྦྷ་ནི་རཧཱ་ནི། ཨ་མྲྀ་ཏེ། ཨཱ་ཡུརྦྲ་སཱ་དྷ་ནི། ནིརྦུ་དཧི་ཨཱ་ཀཱ་ཤ་ནི་རྫ་ཏེ། ཨཱ་ཀཱ་ ཤ་ནི་རྡེ་ཤེ། །ཨཱ་ཀཱ་ཤ་ནི་རྐུ་ཤ་ལ། ཨཱ་ཀཱ་ཤ་ནི་རྡ་རཤ་ནེ། ཨཱ་ཀཱ་ཤ་ཨ་དྷིཥྛཱ་ནེ། སུ་ཁ་བ་ཏི་ཨ་དཧི་ཥྛཱ་ནེ། རཱུ་པ་ནི་རྡེ་ཤེ། ཙ་ཏཱ་རི་དྷརྨ་པྲ་ས་དྷ་ནེ། ཙ་ཏཱ་ རི་ཨཱརྱ་ས་ཏྱ་པྲ་སཱ་དྷ་ནེ། ཙ་ཏཱ་རི་མརྒ་བྷ་བ་ན་པྲ་སཱ་དྷ་ན། བ་ལ་པཱིརྱ་པྲ་སཱ་དྷ་ནི། དྷརྨྨ་ཙྪེ་ད་ན། ཀུ་ཤ་ལེ། ཀུ་ཤ་ལ་ནི་རྡེ་ཤེ། ཀུ་ཤ་ལ་པྲ་ཏིཥྛཱ་ནེ། བུདྡྷ་ ཀུ་ལ་ལེ། བི་ཤུདྡྷ་པྲ་བྷཱ་ས། དྷརྨྨཱ་ཀ་ར་ཎེ། ནི་རྫཱ་ཏེ་ནི་རྦུདྡྷེ། བི་མ་ལེ། བི་ར་ཛེ། རཱ་ཛཱ་ས་ན། ར་སཱ་གྲེ། ར་སཱ་གྲ་བ་ལེ། ར་སཱ་གྲ། ཨ་ དྷིཥྛཱ་ཏེ། ཀུ་ལེ་པྲ་ཏེ་ཀུ་ལེ། བི་ཀུ་ལེ། དནྟེ་སུ་དནྟ་ཙིཏྟེ། སུ་པྲ་ཤཱ་ན་ཙིཏྟེ། སུ་ལེ་སུ་མུ་ཁཱི། དྷརྨྨེ་ཙ་དྷ་རྨེ་བ་ལེ་ཙ་བ་ལེ། ཨ་ནུ་ཤ་ཨ་བ་ལེ་ བུདྡྷ་ཨཱ་ཀཱ་ཤ་གུ་ཎེ་བུདྡྷཱ། ཨཱ་ཀཱ་ཤ་ནི་རྒུ་ཎེ། ཨ་མྲྀ་ཏ་དུ་དུ་བཧི་སྭ་ར་སཱ་ཧཱ། དགེ་སློང་དག་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་འཆི་མེད་ རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་སྐད་བསྟན་པ་དེ་བཞིན་དུ་ཁ་ཏོན་བྱེད་པ་དེས་གོས་གཙང་མ་བགོས་ཏེ་ས་ཕྱོགས་གཙང་ཞིང་དྲི་མ་མེད་པར་དེ་བཞིན་གཤེགས་ [244A]༄༅། །པ་ཚེ་དཔག་མེད་ལ་མེ་ཏོག་དང། སྤོས་ཀྱིས་མཆོད་པར་བྱའོ། །བྱང་ཆུབ་ཀྱི་སྙིང་པོ་པདྨའི་གནས་དང། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་ཡང་ཡིད་ལ་ བྱའོ༑ ༑དེ་ལ་ཡང་འདོད་པ་བསྐྱེད་པར་བྱས་ཏེ་འདོད་པ་དང། དད་པ་བྱས་ན། དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དགེ་ སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤིང་གི་རྒྱལ་པོ་ནི་རིན་པོ་ཆེའི་པདྨ་རྣམ་པར་སྣང་བ་ཞེས་བྱ་བ་ཤིང་དེ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའོ། །པདྨའི་ གད་ན་ནི་དག་ཅིང་གསལ་ལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་སྟེ། རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་སོ། །གཡས་ན་ནི་བྱང་ ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོ་གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་ ཏོ༑ ༑དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང། དད་པ་དང། གུས་པ་མང་བ་དེ་དེར་སྐྱེ་བར་འགྱུར་རོ། །གསེར་གྱི་ས་གཞི་ཆེན་པོ་ལ་ རིན་པོ་ཆེ་སྣ་བདུན་གྱི་པདྨ་ཆེན་པོ་དག་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །དགེ་སློང་དང་དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ཕའམ། དགེ་བསྙེན་མ་གང་ལ་ [244B]མཚན་ཡང་དག་པར་འཛིན་པ་དེ་ལ་མེའི་འཇིགས་པ་མི་འབྱུང། །ཆུའི་འཇིགས་པ་མི་འབྱུང། །དུག་གི་འཇིགས་པ་མི་ འབྱུང། །མཚོན་ཆའི་འཇིགས་པ་མི་འབྱུང། །གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་ངོ། །སྲིན་པོའི་འཇིགས་པ་མི་འབྱུང། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང། ལྷ་དང་མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་ པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པུཎྱ་སཾ་བྷ་ཝ་དང། ཞུ་ཆེན་གྱི་ལོཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།། །།